བེད་སྤྱོད་སྒྲིག་ལམ།使用细则
བརྩམས་ཆོས་དམིགས་གསལ་ཅན་འགའ་མ་གཏོགས་མང་ཤོས་རང་ཉིད་ཀྱི་པར་དཔང་ཁས་ལེན་བྱེད་ཡོད། རྒྱལ་སྤྱིའི་པར་དབང་སྒྲིག་ལམ་ལ་བརྩི་སྲུང་བྱ་རོགས།除了少量标注为引用的文档,文章均为原创,适用于相关细则。编译文章版权也受相关著作权法保护,敬请尊重作品版权。
ཡུན་རིང་ཞིག་ལ་རྩོམ་ཡིག་འབྲི་རྒྱུ་མ་བྱུང་། བརྗོད་འདོད་པ་དང་བསམ་བཞིན་པའི་ངག་ནི་དུས་ཚོད་ཀྱིས་ངག་ཆིངས་ཡོད་པ་དང་འདྲ། པེ་ཅིང་ལ་ཐོན་ནས་ཟླ་བ་ལྷག་འགོར་སོང་མོད། མ་འོངས་པའི་རེ་བ་ད་དུང་རང་མགོ་རང་གཡོག་བྱེད་བཞིན་པ་དང་འདྲ། ནང་བསྟན་སློབ་གླིང་ནས་ྒོར་འབུད་ནསས་བོད་ཡིག་ཚན་སྤེལ་གྱི་དུས་དེབ་ཁང་ནས་མིང་དོན་མི་མཚུངས་པའི་རྩོམ་སྒྲིག་པའི་ལས་གཉེར་བཞིན་ཡོད། དང་ཐོག་ཡོང་འབབ་བསམ་ནས་ཡོང་པ་ཡིན་མོད་ག་ལེར་བསམ་ན་དེ་བས་ཀྱང་མི་འདངས་པས་བོད་རིགས་ལ་ཚན་རིག་སྤེལ་བཞིན་ཡོད་ཞེས་པའི་དགའ་ཚོད་འདི་རང་ཉིད་ལ་བཙན་གྱིས་ཤུསག་རྒྱག་བཞིན་ཡོད། སྔོན་ཆད་ལྟ་བུའི་བསམ་བློ་གཏོང་བསམ་རུང་དོན་ཕྲན་ཚེགས་ཀྱིས་བར་ཆད་བཟོས་འགྲོ། མཐའ་སྐོར་གྱི་སྐྱེ་བུ་དག་ནི་ནད་བྱུང་ཡོད་པ་ལྟར་འགྲན་རྩོད་ཆེན་མོའི་ནང་དུ་ཚུད། ཉིན་གང་བོ་ཡིག་འབྲུ་འགའ་ཤས་ཙམ་ལོ་ཙཱ་བྱེད་རྒྱུ་མ་གཏོགས་ངེས་དོན་ལྡན་པའི་ལས་ཀ་ཞིག་ད་ལྟ་ཡིན་རུང་རེག་རྒྱུ་མ་བྱུང་།
སྤྱི་ཚོགས་ནི་འདི་ལྟ་ལྟོས། ཁང་པ་དང་རྒྱུ་ནོར་གྱི་ཀུན་སྤྱོད་ལ་བཙན་གྱིས་ཚད་འཇལ་བྱེད་བཞིན་ཡོད། མིང་མཚན་དང་ཡོང་ཁུངས་ཀྱི་ང་ཉིན་གྱི་གོམ་འགྲོས་ཐེག་གིས་བཅད་ཡོད།
སྔོན་ཆད་ང་རང་འཚོ་བར་རེ་སྙེག་བྱེད་རྒྱུར་དགའ་མོད་ད་ལྟ་རང་ཉིད་ཁང་པས་ནང་དུ་བཅུག་ནས་མཁོ་མེད་ཀྱི་ལས་ཀ་བསྒྲུབ་རྒྱུ་མ་གཏོགས་སེམས་གསོ་སའི་ཡུལ་ནི་མ་རྙེད། རྒྱ་གྲོང་ཆེན་མོ་འདི་ནི་བླ་སྲོག་གི་གྲོག་རོང་ཆེན་མོ་ཞིག་དང་འདྲ་བ་ང་ལ་སྦྱོང་བརྡར་ཐོབ་པ་ལས་གཞན་ད་དུང་ང་ལ་འཇིགསས་སྐུལ་བཞིན་འདུག ང་ལ་དཔེ་ཆ་མང་པོ་ཐོབ་རྒྱུ་གོ་སྐལ་བྱུང་མོད་སྔོན་ལྟར་དཔེ་ཀློག་བྱ་ཐུབ་པའི་སེམས་བདེ་མོ་ཞིག་ཁོར་ཡུག་གིས་མ་སྤྲད། མི་གལན་པའི་གློག་བརྙན་དང་ལེགས་འགྲུབ་བྱ་བའི་གཏམ་རྒྱུད་ཁྲོད་ནས་རང་མགོ་རང་གཡོག་གི་རྨི་ལམ་གཏོར་རྒྱུ་ལས་གཞན་དོན་སྙིང་གསར་བ་ཞིག་རྙེད་མ་བྱུང་།
འོན་ཀྱང་དེ་ལྟར་ཡིན་རུང་ང་རང་ཕ་ཡུལ་ལ་ལོག་འདོད་མེད། བོད་ཡུལ་དུ་ལོག་འདོད་མེད། བླུན་རྨོངས་དང་ཁྲེག་དོག་གི་རྫད་ཡོད་པའི་ས་ཆས་དེ་ནི་ང་ལ་མི་དབང། ངས་ངེས་པར་དུ་རྒྱ་གྲོང་ཆེན་པོ་འདི་ནས་དབང་བཙན་པའི་སྦྲད་པའི་ཆ་རྐྱེན་ལ་བརྟེན་ནས་དངོས་དོན་སྒྲུབ་ས་མི་རིགས་འདི་ལ་ཞེན་རྒྱུ་ཡིན། ངས་རང་གི་ལང་ཚོ་དུས་ཀྱི་ཕུགས་འདུན་ཡོད་ཚད་རྒྱུས་མེད་ས་ཆ་འདི་ལ་བཅོལ་ནས་སང་ཉིན་ལ་དབང་པའི་སྦྱོང་བརྡར་རླབས་ཆེན་ཞིག་བྱ་རྒྱུ་ཡིན། ངས་ནམ་ཡིན་ཡང་རང་གི་མི་ཚེ་ཧྲིལ་བོའི་སྐྱིད་སྡུག་བོད་རིགས་ཀྱི་འཕེལ་རྒྱས་བྱ་གཞག་ཉག་ཕྲ་བ་ཅན་འདི་ལ་ཕུལ་རྒྱུ་ཡིན། ངའི་མི་རིགས་འདི་ནི་ཡོན་ཏན་དང་བདེན་ལུགསས་ལ་དགའ་ཞེན་པའི་མི་རིགས་ཞིག་ཡིན། ཡིན་ཀྱང་ནུས་མེད་ཇམ་ཆུང་ཡིན་སྟབས་དབང་བཙན་པས་ཐོག་རྫིས་གཏོང་བཞིན་ཡོད། ཆོས་རྫུན་གྱིས་བླུན་བསྒྱུར་བྱེད་བཞིན་ཡོད། མཁས་པ་དང་མཛངས་མིའི་མིང་འཁུར་པའི་ཀླ་ཀློ་གང་མང་གིས་མགོ་བསྐོར་གཏོང་བཞིན་ཡོད། ད་དུང་ཕུགས་བསམ་རང་ལུགས་ཀྱི་མནར་བའི་མགོ་གཏོང་ཚོས་གནམ་འོག་གི་དག་ཞིང་ཡིན་ཞེས་འུད་སྒྲོག་བྱེད་ནས་གཞོན་སྐྱེས་དག་ལ་ཁྲོན་པའི་ནང་གི་སྦལ་བ་ལྟ་བུ་རང་སྣང་སྐྱིད་པོ་བལྩོལ་བཞིན་འདུག ངས་ངེས་པར་དུ་རང་ཉིད་ཀྱི་མཐོང་ཐོད་ལ་བརྟེན་ནས་བླུན་རྨོངས་དང་ཧོད་རྒྱུག གཞན་གྱི་བསླུ་བྲིད་སོགས་ལ་ངོ་ཡ་བྱེད་དགོས། དེ་བས་ང་རང་བོད་ཡུལ་དུ་ལོག་མི་འདོད།
ངས་ངེས་པར་དུ་རང་རྒྱུད་ཀྱི་ལེ་ལོ་དང་གཏི་མུག་ལ་རྒོལ་ལན་བྱིན་ནས་འབད་ཐད་ཀྱི་འཚོ་བ་བསྐྱེལ་རྒྱུ་ཡིན་ལ། དཔེ་ཀློག་གི་ཞོར་ལ་མནོ་བསམ་བཏང་ནས་བསམ་སྦྱོར་གྱི་འབྲས་བུ་ཡིག་ཐོག་དུ་འཁོད་རྒྱུ་ཡིན། དེ་ལྟར་བྱས་ན་ཐིག་པ་གསོག་པས་རྒྱ་མཚོ་ཇི་བཞིན་ག་ལེར་བདེན་ལུགས་དང་འོད་སྟོང་ལྡན་པའི་ཕ་རོལ་བར་སྙེག་ཐུབ་བོ།།
གངས་རྒྱན་གྱིས། ཉིས་སྟོང་གཅིག་བདུན་ལོའི་སྤྱི་ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། མི་རིགས་དཔེ་སྐྲུན་ཁང་གི་ཕ་རོལ་ནས།
བེད་སྤྱོད་སྒྲིག་ལམ།使用细则
བརྩམས་ཆོས་དམིགས་གསལ་ཅན་འགའ་མ་གཏོགས་མང་ཤོས་རང་ཉིད་ཀྱི་པར་དཔང་ཁས་ལེན་བྱེད་ཡོད། རྒྱལ་སྤྱིའི་པར་དབང་སྒྲིག་ལམ་ལ་བརྩི་སྲུང་བྱ་རོགས།除了少量标注为引用的文档,文章均为原创,适用于相关细则。编译文章版权也受相关著作权法保护,敬请尊重作品版权。